བདུད་འཇོམས་སྐུ་ཕྲེང་གསུམ་པ་སངས་རྒྱས་པདྨ་བཞད་པ་མཆོག་གི་ངོ་སྤྲོད་མདོར་བསྡུས།

དེ་ཡང་པདྨའི་རྒྱལ་ཚབ་བདུད་འཇོམས་པ་ནི་ངེས་པའི་དོན་དུ་གྲངས་མེད་བསྐལ་པའི་སྔོན་རོལ་ནས་མངོན་པར་སངས་རྒྱས་སུ་ཟིན་ཀྱང་སླར་བརྩེ་བས་གཞན་དོན་འཇུག་པ་ཆོས་ཉིད་ལྟར་སྔོན་འཇིག་རྟེན་གྱི་ཁམས་རྣམ་པར་རྒྱན་པ་ཞེས་བྱ་བའི་ཞིང་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡུལ་འཁོར་སྲུང་གི་སྲས་སྟོང་རྩ་གཉིས་པོ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་སུ་དབང་བསྐུར་ལུང་སྟོན་པ་པོ་རྣལ་འབྱོར་གྱི་དབང་ཕྱུག་རིག་འཛིན་ནུས་ལྡན་རྡོ་རྗེའི་སྐུར་བཞེངས་པ་ནས་བཟུང་བདུད་འཇོམས་སྐྱེས་རབས་རིམ་པར་བརྒྱུད་དེ་མཐར་སངས་རྒྱས་མོས་པ་མཐའ་ཡས་ཀྱི་བར་སྐྱེས་རབས་ལྟར་ལ་དེང་གི་དུས་སུ་གཏེར་ཆེན་བདུད་འཇོམས་གླིང་པ་དང་དེའི་སྐུ་སྐྱེ་དེ་མ་ཐག་པ་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོའི་གདུང་རྒྱུད་བོད་རྒྱལ་དགུ་པ་བྱ་ཁྲི་བཙན་པོས་སྤུ་བོ་རོང་གི་ཞིང་ཁམས་མངའ་དབང་མཛད་པ་ལས་ཡུལ་གྱི་རྗེ་བོ་ཀཿགནམ་ཆོས་རྒྱལ་དུ་གྲགས་པའི་གདུང་རྒྱུད་དྲི་མ་མེད་པ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དང་དེའི་རིགས་སྲས་ཡབ་མདོ་བླ་འཇིགས་མེད་ཆོས་ཀྱི་ཉི་མ་རིན་པོ་ཆེ་དང་མ་ཡུམ་པདྨ་མཁའ་འགྲོ་རྣམ་གཉིས་སྲས་སུ་འཁྲུངས་པ་བདུད་འཇོམས་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་མཆོག་ནི་༧སྐྱབས་རྗེ་གོང་མས་མ་འོངས་མངོན་གཟིགས་ཀྱིས་འདའ་ཁའི་ཞལ་ཆེམས་ལས་སླར་རང་གི་ཁྱིམ་རྒྱུད་དུ་འབྱོན་པར་ལུང་བསྟན་པ་དང་། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་དང་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་རྣམ་གཉིས་ཀྱི་གསུང་འཕྲིན་ཕེབས་དོན་བཞིན་བྱ་བྲལ་རིན་པོ་ཆེ་ཆེད་དུ་ཕེབས་ཏེ་རྣམ་པ་གསུམ་ལྷན་འཛོམས་སྐབས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་མཆོག་ནས་ད་ལེན་ངེད་གཉིས་ནས་ཁྱེད་ལ་མངགས་བཅོལ་ཞིག་ཡོད་གང་ལགས་ཞེ་ན་དཔལ་ས་སྐྱ་གོང་མ་རིན་པོ་སྐུ་འཚོ་བཞུགས་ཡིན་པས་ངའི་ཡང་སྲིད་སྐོར་ཐུགས་ཁྲལ་གང་ཡང་གནང་མི་དགོས་འོན་ཀྱང་མ་འོངས་པར་རིན་པོ་ཆེ་ཁོང་གི་ཡང་སྲིད་ཐད་ངེས་པར་དུ་ཐུགས་འགན་བཞེས་དགོས་པར་བཀའ་མངགས་གནང་བ་དང་བཅས་བྱ་བྲལ་རིན་པོ་ཆེ་ལ་ཡང་སྤྲུལ་ངོས་འཛིན་སྐོར་མཚན་རྟགས་ལུང་བསྟན་ཕྱག་བྲིས་བཅས་གསལ་པོར་སྩལ།  རྗེ་འདི་སྐུ་མ་འཁྲུངས་སྔོན་ཨ་པཾ་གཏེར་ཆེན་གྱི་སྲས་མོ་༧བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སེར་ར་མཁའ་འགྲོའི་ཡང་སྲིད་དུ་ངོས་འཛིན་མཛད་པ་མཁའ་འགྲོ་ཏཱ་རེ་ལྷ་མོ་དང་གཞི་ཆེན་ནམ་སྤྲུལ་འཇིགས་མེད་ཕུན་ཚོགས་ཞེའུ་མདོ་དགོན་དུ་ཕེབས་སྐབས་མདོ་བླ་རིན་པོ་ཆེས་བླ་བྲང་ལ་ཐུགས་བརྟག་ཞུས་དོན་ལྟར་ལམ་བདེ་སྟོང་གསང་སྔགས་གཡུ་ལྗོངས་སུ༔དཔལ་ནུས་ལྡན་པདྨོའི་མྱུ་གུ་བཞད༔སོགས་མི་རིང་བར་དཔལ་ནུས་རྡོ་རྗེའི་སྤྲུལ་པ་བདུད་འཇོམས་ཡང་སྤྲུལ་འཁྲུང་རྒྱུ་དང་དེ་ལ་སྐུ་ཕྱ་རིམ་གྲོ་མ་འོངས་པར་གདུལ་བྱ་རྒྱས་ཚུལ་སོགས་འབྱུང་འགྱུར་གྱི་ལུང་བསྟན་གསལ་པོར་གནང་བ་ལྟར་མཚོ་སྔོན་སྐྱེ་རྒུའི་ཕྱོགས་སུ་བོད་རབ་བྱུང་བཅུ་བདུན་པའི་ལྕགས་རྟ་ལོ་དབོ་ཟླའི་མཁའ་འགྲོའི་དུས་ཆེན་ཉིན་གཟིམས་ཁང་ཕྱི་ནང་ཐམས་ཅད་དུ་འཇའ་འོད་འཁྱིལ་བ་སོགས་ངོ་མཚར་བའི་རྟགས་དུ་མ་དང་བཅས་སྐུ་བལྟམས། དེའི་ཚེ་མདོ་བླ་རིན་པོ་ཆེའི་གཟིམས་ལམ་དུ་ཡབ་རྗེ་དམ་པ་ཐུགས་དགྱེས་ཚོར་ཆེན་པོའི་ངང་རང་ཤག་ཏུ་བྱོན་ཏེ་ཤིན་ཏུ་མཐོ་ཞིང་བརྗིད་པའི་ཁྲེར་ཕེབས་པ་ཡང་ཡང་མཐོང་བ་སོགས་ངོ་མཚར་བའི་རྟགས་མང་དུ་བྱུང་།སྔ་རྗེས་སུ་རིས་མེད་གྲུབ་མཐའི་བླ་སྤྲུལ་མང་པོས་ཁོང་ནི་ས་སྐྱའི་བླ་ཆེན་ཞིག་ཡིན་པར་གསུངས་པ་དང་ལ་ལས་པན་ཆེན་རིན་པོ་ཆེ་ཡིན་པར་འདོད། དེའི་རྗེས་སུ་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་རིན་པོ་ཆེས་འདི་རྙིང་མ་པ་རང་ཡིན་གསུངས་ནས་བདུད་འཇོམས་ཟབ་གཏེར་ལས་ཟབ་ལམ་མཚོ་སྐྱེས་ཐུགས་ཐིག་གིས་སྨིན་པར་མཛད་དེ་མཚན་ལ་པདྨ་འོད་གསལ་ཞེས་གསོལ། བྱ་བྲལ་རིན་པོ་ཆེ་མཆོག་གིས་ཨ་མེ་རི་ཁའི་ནིའུ་ཡོག་ཏུ་བཞུགས་པའི་འཕྲིན་ལས་ནོར་བུ་རིན་པོ་ཆེ༼བདུད་འཇོམས་སྐུ་ཕྲེང་གཉིས་པའི་སྲས་ཆེ་བ༽་ལ་འཕྲིན་ཡིག་བསྐུར་དོན་བཞིན་ཀྲུང་གོ་ཁྲིན་ཏུའུ་རུ་ཆེད་ཕེབས་ཀྱིས་བདུད་འཇོམས་གོང་མའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་མཛད་དེ་བདུད་འཇོམས་རྩ་གསུམ་སོགས་ཀྱིས་སྨིན་པར་མཛད།དཔལ་ས་སྐྱའི་སྒྲོལ་མ་ཕོ་བྲང་གོང་མ་ཁྲི་ཆེན་རིན་པོ་ཆེ་དང་། ས་སྐྱའི་བདག་ཆེན་དང་འབྲི་གུང་སྐྱབས་འགོན་ཆེ་ཚང་རིན་པོ་ཆེ་དིལ་མགོ་མཁྱེན་བརྩེ་སོགས་གསར་རྙིང་གི་བླ་ཆེན་མཁས་གྲུབ་དམ་པ་རྣམས་ཀྱིས་མགྲིན་གཅིག་ཏུ་བདུད་འཇོམས་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་མཛད།ཁྱད་པར་དུ་སྨིན་གླིང་ཁྲི་ཆེན་རིན་པོ་ཆེས་ཡང་སྲིད་རིན་པོ་ཆེའི་འདྲ་པར་མཐོང་མ་ཐག་བདུད་འཇོམས་ཡང་སྤྲུལ་འཁྲུལ་མེད་དུ་ངོས་འཛིན་མཛད་དེ་ཡབ་ཡུམ་གཉིས་ལ་དངོས་སུ་ཕྱག་བྲིས་སྩལ། གསེར་རྟ་བླ་རུང་ཆོས་ཀྱི་གྲོང་ཁྱེར་དུ་ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཞབས་ཀྱིས་སྐུ་པང་དུ་བླངས་ཏེ་བདག་བདུད་འཇོམས་གླིང་པའི་རུས་རྒྱུད་དུ་སོང་སྟབས།  ཁོང་ནི་ངའི་ཨ་མྱེའི་སྤྲུལ་སྐུ་འཁྲུལ་མེད་ཡིན་གསུངས་ཏེ་ཁྲི་ཕྲག་འཁོར་གྱིས་བསྐོར་བའི་དབུས་སུ་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་འཐོར་བ་དང་བཅས་འགྱུར་མེད་རྡོ་རྗེའི་ཁྲི་ལ་བཀོད་དེ་རྟེན་གསུམ་འདེགས་འབུལ་དང་སྣང་སྲིད་དབང་སྡུད་གར་དབང་ལྷ་དགུས་སྨིན་པར་མཛད།  ཡ་ཆེན་ཆོས་སྒར་གྱི་མཁན་པོ་ཨ་ཁྱུག་རིན་པོ་ཆེས་མཇལ་མ་ཐག་བདུད་འཇོམས་ཡང་སྤྲུལ་འཁྲུལ་མེད་རེད་ཅེས་གསུངས།   ༡༩༩༤ལོར་བྱ་བྲལ་རིན་པོ་ཆེས་དངོས་སུ་གསུང་འཕྲིན་དང་བཅས་ཡང་སྲིད་རིན་པོ་ཆེ་བལ་ཡུལ་དུ་གདན་དྲངས་ཚེ་ཡང་སྲིད་རིན་པོ་ཆེས་རྒྱང་ནས་མཐོང་མ་ཐག་ད་ང་ཚོ་ཡང་ལེ་ཤོད་བསླེབས་སོང་བྱ་བྲལ་རིན་པོ་ཆེའི་དགོན་པ་ཕ་གེར་ཡོད་རེད་སོགས་གསུངས་དེ་ཕྱོགས་སུ་སྐུ་གོང་མའི་དངོས་སློབ་འགའ་ཞིག་ངོ་ཤེས་ཏེ་མཚན་ནས་སྨོས་པ་དང་ཁམས་འདྲི་སོགས་མཛད། དེ་རྗེས་གནས་ཡུལ་ཉེར་བཞིའི་ཡ་གྱལ་བལ་ཡུལ་གྱི་གནས་མཆོག་ཆེན་པོ་གོ་དྷ་ཝ་རིར། ཤིང་ཁྱི་ལོའི་རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཉིན་སྔ་འགྱུར་བསྟན་པའི་སྲོག་ཤིང་༧སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ། རྫོང་སར་མཁྱེན་བརྩེ་རིན་པོ་ཆེ། ཞི་ཆེན་རབ་འབྱམས། ཀཿཐོག་སི་ཏུ་སོགས་བླ་ཆེན་མཁན་སྤྲུལ་སེར་སྐྱ་འདུས་པ་ཁྲི་ཕྲག་འཁོར་གྱིས་བསྐོར་བའི་དབུས་སུ་མཚན་བདུད་འཇོམས་སངས་རྒྱས་པདྨ་བཞད་པ་འགྲོ་འདུལ་རིག་འཛིན་ཕྲིན་ལས་གྲུབ་པའི་སྡེ་ཞེས་གསོལ་ཏེ་དམ་པ་གོང་མའི་ཡང་སྲིད་དུ་འགྱུར་མེད་རྡོ་རྗེའི་ཁྲི་ལ་མངའ་གསོལ་སྐབས་༧བྱ་བྲལ་རིན་པོ་ཆེ་མཆོག་ནས་རིགས་འདུས་འཆི་མེད་ཚེ་ཡི་དཀྱིལ་འཁོར་གྱི་ཞལ་ཕྱེས། དཀྱིལ་འཁོར་གྱི་གཙོ་བོ་མཆོག་གི་རྡོ་རྗེ་སློབ་དཔོན་གྱི་སྐུར་བཞེངས་ཏེ་ཐོག་མར་འཆི་མེད་ཚེ་ཡི་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར་བ་དང་།  ལས་བཞི་གྲུབ་པ་བརྒྱད་ལ་མངའ་དབང་བསྒྱུར་བའི་རྟེན་འབྲེལ་དུ་བཀྲ་ཤིས་པའི་རྟགས་བརྒྱད་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་བཀྲ་ཤིས་པའི་རྫས་བརྒྱད་སོགས་མངའ་འབུལ་བའི་ཆོ་ག་དང་། མནྜལ་རྒྱས་བཤད་དང་རྟེན་གསུམ་མནྜལ་འདེགས་འབུལ་སོགས་ཕྱག་ལས་མཛད།དེ་ལྟར་༧སྐྱབས་རྗེ་བྱ་བྲལ་རིན་པོ་ཆེས་བདུད་འཇོམས་རིན་པོ་ཆེའི་ཡང་སྤྲུལ་འཁྲུལ་མེད་དུ་ངོས་འཛིན་བྱེད་པར་འགན་གཙང་བཞེས་མཛད་པ་མ་ཟད།  འབྲི་ཀློག་ནས་བརྩམས་དབང་ཁྲིད་མན་ངག་དང་བཅས་པས་རྗེས་སུ་བཟུང་སྟེ་བཀའ་དྲིན་གསུམ་ལྡན་གྱི་རིགས་ཀྱི་བདག་པོར་གྱུར།     གཞན་ཡང་༧གྲུབ་དབང་པདྨ་ནོར་བུ།༧མཁན་ཆེན་འཇིགས་མེད་ཕུན་ཚོགས།མཁན་ཨ་ཁྱུག་རིན་པོ་ཆེ།  ནམ་སྤྲུལ་འཇིགས་ཕུན་ཚོགས་མཁའ་འགྲོ་ཏ་རེ་ལྷ་མོ་མཁའ་འགྲོ་ཀུན་བཟང་དབང་མོ་གསེར་རྟ་བླ་རུང་ཆོས་ཀྱི་གྲོང་ཁྱེར་གྱི་མཁན་སློབ་སོགས་གངས་ཅན་མཁས་གྲུབ་མང་པོའི་དྲུང་ནས་མདོ་སྔགས་རིག་གནས་དང་བཅས་པའི་དབང་ལུང་ཁྲིད་མན་ངག་སོགས་བུམ་པ་གང་བྱོས་སུ་གསན་ཏེ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་ཀྱི་སྒྲུབ་པའི་གནས་མཆོག་གངས་རི་ཐོད་དཀར་དུ་ལོ་གསུམ་ཟླ་གསུམ་དུ་བཅད་རྒྱ་དམ་པོས་སྒྲུབ་པའི་རྒྱལ་མཚན་བཙུགས་ཏེ་ཡི་དམ་རྩ་གསུམ་སོགས་ཀྱི་བསྐྱེད་རྫོགས་རྫོགས་ཆེན་གྱི་སྐོར་ཉམས་ལེན་གནད་སྨིན་མཛད།   ཤར་རྒྱལ་བ་དཔལ་ཡུལ་མ་དགོན་དང་ཀཿཐོག་རྡོ་རྗེ་གདན་སོགས་དགོན་ཆེན་རྣམས་ཀྱི་གཙུག་ལག་ཁང་དབུ་འབྱེད་དང་རབ་གནས་ཀྱི་ཚོགས་མགོན་དུ་ཕེབས།  གནས་ཆེན་ཡང་ལེ་ཤོད་དུ་དེ་ཕྱོགས་ཀྱི་དགོན་སྡེ་རྣམས་ཀྱིས་གཙོས་འཛམ་གླིང་ཡུལ་གྲུ་ཁག་གི་གཏེར་གསར་ཉམས་ལེན་པ་དང་བཅས་འདུས་པ་སྟོང་ཕྲག་མང་པོར་སྔ་ཕྱིར་བདུད་འཇོམས་གོང་འོག་གི་ཟབ་གཏེར་ཡོངས་ཀྱི་སྨིན་གྲོལ་སོགས་བསྩལ། རྒྱ་གར་བལ་པོ་འབྲུག་སོགས་ཀྱི་སྔ་འགྱུར་བའི་དགོན་གནས་སྤྱི་དང་ལྷག་པར་བདུད་འཇོམས་གཏེར་གསར་དགོན་སྡེ་ཡོངས་ཀྱི་རེ་འདོད་བཞིན་ལོ་ལྟར་ཆེད་ཕེབས་ཀྱིས་སྨིན་གྲོལ་རྒྱབ་བརྟེན་དང་བཅས་བརྩེ་བས་རྗེས་བཟུང་། བལ་ཡུལ་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་ཉམས་གསོའི་སྐབས་གཟུངས་སྒྲུབ་དང་ལེགས་གྲུབ་སྐབས་༧བདུད་འཇོམས་རིན་པོ་ཆེ་སོགས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་བླ་ཆེན་ཁག་དབུ་བཞུགས་ཐོག་རབ་གནས་མཛད།གསང་བསྟན་གསལ་མཛད་བདུད་འཇོམས་པའི་ཟབ་གཏེར་རིང་ལུགས་ཉིན་མོར་བྱེད་པའི་དཔལ་ལ་འགྲན་པའི་ལས་སྨོན་རྟེན་འབྲེལ་བཟང་པོ་དུས་སུ་སྨིན་པ་ལས་གཏེར་ཆེན་བདུད་འཇོམས་གླིང་པའི་གདན་ས་ཐོག་མ་བརྡ་ཚང་སྐལ་བཟང་དགོན་དང་། གཏེར་སྒར་ཕྱོགས་སུ་ཡང་བདུད་འཇོམས་གོང་མའི་ཁྲི་ལ་མངའ་གསོལ་བརྟན་བཞུགས་ཀྱི་རིམ་པ་ཟབ་རྒྱས་སུ་མཛད་པ་དང་དེ་ཕྱོགས་སུ་བདུད་འཇོམས་གོང་འོག་གི་ཡི་དམ་རྩ་བ་གསུམ་སོགས་ཀྱི་སྨིན་གྲོལ་ཆོས་ཀྱི་དགའ་སྟོན་བསྩལ།  འབྱུང་བཞིའི་གནོད་པ་ཐམས་ཅད་ཞི་ཞིང་ནད་མུག་མཚོན་འཁྲུགས་སོགས་བསྐལ་ངན་དུས་ཀྱི་གཡོ་འཁྲུག་བཟློག་སྟེ་འཛམ་གླིང་ཞི་བདེའི་དཔལ་རོལ་བའི་ཆེད་ལོ་ལྟར་ཨ་མདོའི་ཕྱོགས་ཀྱི་རེབ་ཀོང་སྔགས་མང་དང་ལྷན་དུ་བོད་ཀྱི་གྲགས་པའི་མཚོ་ཆེན་བཞིའི་ཡ་གྱལ་མཚོ་ཁྲི་ཤོར་རྒྱལ་མོ་དང་། བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་སོགས་སུ་རྒྱ་བལ་འབྲུག་སོགས་འཛམ་གླིང་ཡུལ་གྲུ་ཁག་གི་བདུད་འཇོམས་ཁྲོས་མ་ཉམས་ལེན་པ་བཅས་ཁྲོས་མའི་འབུམ་ཚོགས་ཆེན་མོ་གནད་སྨིན་དུ་ཚོགས། ཡོངས་འཛིན་དགེ་བའི་བཤེས་ཉེན་ཆེན་པོ་རིགས་བདག་འཁོར་ལོའི་མགོན་པོ་༧སྐྱབས་རྗེ་བྱ་བྲལ་རིན་པོ་ཆེའི་བཞེད་དགོངས་བཞིན་སྔ་ཕྱིར་རྟ་ལོའི་དུས་སུ་གངས་རིན་པོ་ཆེ་དང་མཚོ་མ་ཕམ་སོགས་གནས་སྐོར་མཛད་པ་དང་།རྒྱུན་དུ་ཉམས་ལེན་ལ་ཐུགས་དམ་ཆག་མེད་ངང་ལོ་ལྟར་ཉ་དང་ར་ལུག་འབྲི་གཡག་སོགས་མགོན་མེད་དུད་འགྲོ་རྣམས་སྲོག་བསླུ་ཚེ་ཐར་གྱི་ལས་ལ་བརྩོན་ཏེ་རླབས་ཆེན་བསྟན་འགྲོའི་དོན་མཛད་བཞིན་པ་ལགས།མཐར་བདུད་འཇོམས་གླིང་པའི་ལུང་བསྟན་ལས། བདག་ལ་འབྲེལ་བ་ཐོགས་པའི་སེམས་ཅན་འགྲོ་བ་གཅིག་ཀྱང་མ་ལུས་པ་མ་འོངས་པར་ཤམ་བྷ་ལ་རུ་སྐྱེ་བར་གསུངས་པ་དང་། བྱ་བྲལ་རིན་པོ་ཆེས་མཛད་པའི་བདུད་འཇོམས་གོང་མའི་རྣམ་ཐར་གསོལ་འདེབས་ལས། །ཞལ་མཇལ་གསུང་ཐོས་གཏམ་གྱི་འབྲེལ་བ་ཚུན། །པདྨ་འོད་དུ་འཁྲིད་ལ་གསོལ་བ་འདེབས། ཞེས་དང་། མཁའ་འགྲོ་ཏཱ་རེ་ལྷ་མོའི་ལུང་བསྟན་ལས། མགོན་དེ་ཉིད་ཞབས་བརྟན་མཛད་ཕྲིན་རྒྱས༔ གང་འབྲེལ་ཚད་རྔ་ཡབ་དཔལ་རིར་འཁྲིད༔ བསྟན་དང་འགྲོ་བའི་དཔུང་གཉེན་མཆོག་ཏུ་འགྱུར༔སྙན་གྲགས་ཀྱི་དབྱར་རྔ་ནུབ་བྱང་རྒྱས༔སོགས་གསུངས་པ་དེ་དེ་བཞིན་དུ་འགྲུབ་སྟེ་སྐུ་ཚེ་གཞོམ་མེད་རྡོ་རྗེའི་ཁམས་སུ་བརྟན་ཅིང་མཛད་ཕྲིན་ནམ་མཁའི་མཐའ་དང་མཉམ་པར་གྱུར་ཅིག   ཅེས་བདུད་འཇོམས་སྐུ་ཕྲེང་གསུམ་པའི་ངོ་སྤྲོད་འདི་ནི་ཡུལ་གངས་ཅན་གྱི་ཕྱོགས་སུ་སྐྱེ་སྲིད་བཟུང་བ་ས་མནྟའི་མིང་ཅན་དུ་འབོད་པ་དེས་དམ་པ་གོང་མ་རྣམས་ཀྱི་ཞལ་གསུང་དང་ཕྱག་བྲིས།  ཁུངས་བཙན་གྱི་ལོ་རྒྱུས། དངོས་ཡོད་ཀྱི་མི་སྣ། དངོས་སུ་མཐོང་ཐོས་སོགས་ལས་རགས་བསྡུས་ཟིན་བྲིས་སུ་བཏབ་པ་དགེའོ།




2017年09月14日

为四川九寨沟地震祈祷
尊贵的敦珠法王主持康区囊谦县第十四届前译宁玛世界和平祈愿法会

上一篇:

下一篇:

至尊怙主三世敦珠法王

本网站由阿里云提供云计算及安全服务 Powered by CloudDream